秋噶堪布
秋噶堪布

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།

2019-09-12 秋噶堪布

亲! 等您很久了...

繁体 地图 目录 教程 说明

返回到上一页 存储网页 随机浏览


ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།

ཕྱི་ན་འདུལ་བའི་སྤྱོད་པ་གཙང་སངས་ངེ།།

ནང་ན་བྱང་སེམས་སྡོམ་པ་གཙང་སངས་ངེ།།

གསང་བ་སྔགས་ཀྱི་དམ་ཚིག་གཙང་སངས་ངེ།།

པདྨ་དཀར་པོ་འདྲ་བའི་གནས་བརྟན་ཞིག།

ཞལ་རས་འཛུམ་གྱིས་གང་བ་འགྱུར་མ་མྱོང་།།

ཁ་ཚིག་དོན་ལ་འཇུས་པ་འགྱུར་མ་མྱོང་།།

དྲང་བདེན་ཚང་ཐིག་དཀར་པོ་འགྱུར་མ་མྱོང་།།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

ཁྲ་མོ་གླིང་གི་གཅེས་ཕྲུག་འདན་སྲས་ཀྱི།།

བཀའ་ཡི་བློན་པོ་མཁྱེན་དཔྱོད་གཉིས་ལྡན་པ།།

གདོང་གི་སྤྱི་དཔོན་རྒྱལ་པོའི་སྐུ་ཚབ་ཅིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

ཆོས་རྗེ་བླ་མ་ཞིང་ལ་མ་ཕེབས་གོང་།།

འཁོར་ཚོགས་འདུ་བ་ཚོད་འཛིན་མ་བྱས་གོང་།།

བསྟན་པ་ཕྱི་ནས་སྲུང་བའི་ལྕགས་རི་ཞིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

ཡང་དར་རྒྱལ་བསྟན་གསེར་གྱི་རྒྱལ་མཚན་ཆེ།།

དགོང་དུ་འདེགས་མཁན་ཆོས་རྗེ་བླ་མ་དང་།།

ལས་སྨོན་མཉམ་དུ་སད་པའི་དཔུང་རོགས་ཞིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

མི་མཐུན་གཡུལ་ལས་རྒྱལ་བའི་སྟོབས་ལྡན་ཁྱུང་།།

འཛམ་གླིང་འཛིན་མའི་ཡང་རྩེར་འཕགས་པའི་ཚེ།།

མཛད་བཟང་དགོང་དུ་འདེགས་པའི་སྒྲོ་ཉག་ཅིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།། 

བསྟན་སེལ་སྡེ་འཁྲུགས་སློང་བའི་ལག་དམར་དག།

རིན་ཆེན་སྲོག་དང་བསྡོས་ནས་བསྐྲད་པའི་དུས།

གོམ་གང་ཕྱིར་ནུར་མེད་པའི་མཆན་ཁེབ་ཅིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

མི་ཆོས་ལུགས་ཀྱི་ཕོ་རབ་མཛངས་མི་མཆོག།

ལྷ་ཆོས་ལུགས་ཀྱི་དད་འདུན་མངོན་ལྐོག་བྲལ།།

འགོ་བའི་ལྷ་ལྔའི་གཅེས་ཕྲུག་དར་མ་ཞིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

དབང་མདོག་འབྱམས་ཡིག་འཕྲུལ་གྱི་བྱ་མ་རྟ།།

ཕྱོགས་མཐར་གར་དུ་བསྒྱུར་ཚེ་ཁ་ལོ་བ།།

བཀའ་བཞིན་དང་དུ་ལེན་པའི་ཕོ་ཉ་ཞིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

མཐོ་ལ་ངོ་དགའ་དམན་ལ་ཆུང་བལྟས་དབེན།།

དགྲ་གཉེན་སོ་སོར་འབྱེད་པའི་ཕྱོགས་ལྷུང་བྲལ།།

ཀུན་ལ་དྲོད་ཁོལ་སྦྱིན་པའི་དྲང་སྲོང་ཞིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

སྔོན་ཞིག་ཁྲི་ཤོང་ཀུན་དགའ་ར་བ་རུ།།

སྟོན་འཁོར་ལྷན་འཛོམས་དགའ་སྐྱིད་ཡོ་ལང་དུས།།

རྣམ་བཞི་འཁོར་གྱི་དཀྱིལ་བཅུད་ཟུར་རྒྱན་ཞིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

རྣམ་དག་ཆོས་པའི་རང་ཚུགས་མ་ཤོར་ཞིང་།།

སྒོ་གསུམ་སྦྱོར་བས་གཞན་སེམས་མ་དཀྲུག་པར།།

མཁའ་ལྡིང་ཁྱུང་གི་ཐུགས་སྲས་དག་མ་ཞིག།།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

ཡ་གི་མཁན་སྤྲུལ་མ་གི་གྲྭ་རྐྱང་ཡན།

ཀུན་ལ་མཁོ་བའི་དཔྱོད་ཤེས་གཉིས་ལྡན་པའི།།

གལ་ཆེན་བློ་སྒོ་འབྱེད་པའི་ལྡེའུ་མིག་ཅིག།

ཁྲི་ཕྲག་འདུས་པའི་ཞལ་ཚབ་རྗེས་སུ་དྲན།།

བདེ་ལྡན་ཞིང་གི་རིག་འཛིན་འདུས་པའི་གྲལ།།

ཆོས་རྗེ་འོད་མཚན་སྟོང་འབར་ཞབས་དྲུང་དུ།།

ང་ཅག་ལྷན་འཛོམས་སྐལ་བཟང་དུས་སྟོན་ལ།།

རོལ་བའི་ཡིད་ཆེས་སྙིང་གི་ཟབ་སར་གནས།།

རེ་ཞིག་ཡུལ་དུས་རྣམ་པས་བསྐལ་ན་ཡང་།།

དད་འདུན་གཅིག་ལ་འཁྲེང་བའི་རྟེན་འབྲེལ་དང་།།

ཆོས་རྗེ་བླ་མའི་བདེན་ཚིག་ཟབ་མོའི་སྟོབས།།

གང་ལ་བསམ་ཡང་མི་འབྲལ་འགྲོགས་པར་ངེས།།

ཞེས་མཆེད་གྲོགས་དམ་པ་གང་ཉིད་ཞིང་གཞན་དུ་གཤེགས་པ་ལ་ཕངས་སེམས་ཀྱིས་རྐྱེན་གྱིས་གང་གི་རང་བཞིན་བློ་ལ་གང་དྲན་ཙམ་ཞིག་དད་པའི་ཀློང་ནས་ཡི་གེར་བྲིས།དྲེལ་འཁྱམས་ཆོས་དགས།2019 8 23 ལའོ།།

返回顶部