索南达吉堪布藏文
索南达吉堪布藏文

གླིང་སྒྲུང་པོད་300པར་དུ་བསྐྲུན་པའི་ཚོགས་འདུ་པེ་ཅིན་དུ་འཚོགས།

2019-09-12 索南达吉堪布藏文

亲! 等您很久了...

繁体 地图 目录 教程 说明

返回到上一页 存储网页 随机浏览

བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་

པོད་300ཡི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས།


(གསར་འགོད་པ་རྣམ་དཀར་ལྷ་མོ། འཇིགས་མེད།)


 སྤྱི་ཟླ་9པའི་ཚེས་5ཉིན། 《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་》པོད་300ཡི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་ནས་འཚོགས།

ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། འབུམ་རམས་པ་སྲི་ཐར་གྱིས་གསུང་བཤད་གནང་བཞིན་པ།


    ཚོགས་འདུ་དེ་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་། སི་ཁྲོན་དཔེ་སྐྲུན་ཚོགས་པས་གཙོ་སྒྲུབ་བྱས་པ་དང་། ཧི་མ་ལ་ཡའི་རིག་མཛོད་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གིས་འགན་སྒྲུབ་བྱས་ཤིང་། རྒྱལ་ཡོངས་གེ་སར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། དེ་མིན་ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་དཔེ་ཚོགས་འདིར་གདེང་འཇོག་གལ་ཆེན་གནང་བ་དང་གླིང་སྒྲུང་སྐོར་གྱི་གཏམ་བཤད་གལ་ཆེན་གནང་།


རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དོན་གྲུབ་དབང་འབུམ་གྱིས་གསུང་བཤད་གནང་བཞིན་པ། 


ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྔོན་གྱི་སྤྱི་ཁྱབ་འགན་འཛིན་གཞོན་པ། ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པའི་ལས་འཛིན་འགོ་གཙོ་གཞོན་པ་ བློ་བཟང་ལྷུན་གྲུབ་རྡོ་རྗེས་གསུང་བཤད་གནང་བཞིན་པ།


རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།


    གླིང་སྒྲུང་ནི་བོད་རིགས་མི་དམངས་ཀྱིས་ཐུན་མོང་གསར་གཏོད་མཛད་པའི་རླབས་ཆེན་གྱི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་སྟེ། ད་ལྟའི་བར་དུ་རྒྱུན་མ་ཆད་པར་རང་རྒྱལ་གྱི་བོད་རིགས་དང་སོག་རིགས། ཧོར་རིགས་སོགས་འབྲེལ་ཡོད་རིགས་རྒྱུད་ཁྲོད་དར་ཁྱབ་ཆེ་ཞིང་། དེ་མིན་རང་རྒྱལ་མཐའ་འཁོར་གྱི་རྒྱལ་ཁབ་དང་ས་གནས་ཆ་ཤས་སུའང་ཁྱབ་གདལ་སོང་སྟེ་འཛམ་གླིང་རང་བཞིན་གྱི་རིག་གནས་ཤིག་ཏུ་འགྱུར་བཞིན་འདུག 2009ལོར། གེ་སར་སྒྲུང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཀོད་ཅིང་། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན། ཏང་དང་རྒྱལ་ཁབ་ཀྱིས་གེ་སར་རིག་གནས་བྱ་གཞག་ལ་ཐུགས་ཁུར་དང་དོ་སྣང་ཆེན་པོ་གནང་སྟེ། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་རྒྱ་ཁྱབ་དུ་བཏང་ཞིང་། མངའ་ཁོངས་ནང་ཁུལ་གྱི་སྔོག་འདོན་དང་སྲུང་སྐྱོབ། ཞིབ་འཇུག་ལ་མཛུབ་སྟོན་དང་སྐུལ་འདེད་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་གདེང་འཇོག་ཚད་མཐོན་པོ་དང་། གླིང་སྒྲུང་ནི་ངོ་མཚར་ཞིང་རླབས་ཆེ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་རེད་ཅེས་བསྔགས་བརྗོད་གནང་མྱོང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་རྒྱུད་འཛིན་ལ་ལྷག་ཏུ་དོ་སྣང་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་། ཐེངས་འདིའི་གླིང་སྒྲུང་དཔེ་ཚོགས་འདི་དཔེ་སྐྲུན་བྱས་པ་ལས་ཕུན་སུམ་ཚོགས་པའི་གྲུབ་འབྲས་དེ་དག་གཅིག་བསྡུས་སྒོས་མཚོན་པར་བྱས་པ་དང་། མི་ཆོས་གཞུང་ལུགས་མངའ་ཁོངས་ནས་སླར་ཡང་འཛམ་གླིང་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་མངོན་པར་མ་ཟད། རླབས་ཆེན་མེས་རྒྱལ་ལ་མཚན་སྙན་དང་གཟི་བརྗིད་བསྩལ།   

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་འཇམ་དཔལ་རྒྱ་མཚོས་གསུང་བཤད་གནང་བཞིན་པ།


《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་》རྩོམ་སྒྲིག་ལྷན་ཚོགས་ཀྱི་ཀྲུའུ་རེན། སི་ཁྲོན་དཔེ་སྐྲུན་ཚོགས་པའི་ཏང་ཨུ་ཧྲུའུ་ཅི། སྤྱི་གཉེར་བ་བློ་བཟང་རྡོ་རྗེས་ཤིས་ཚིག་ཕུལ།

    བོད་མིའི་བློ་གྲོས་ཀྱི་ཉིང་བཅུད་དུ་གྱུར་བའི་སྙན་རྩོམ་ཁྲི་བརྒྱ་ལྷག་རྒྱུད་འཛིན་དང་དར་སྤེར་བཏང་བ་ནི་མིའི་རིགས་རིག་གནས་ལ་མཚོན་ནའང་ཅི་འདྲའི་བླ་ན་མེད་པའི་ལེགས་སྐྱེས་བརྗིད་པོ་ཞིག་རེད་ཨང་། སྙན་རྩོམ་གྱི་ངོས་ནས་བལྟས་ཀྱང་། གླིང་སྒྲུང་ནི་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ལྔའི་བསྡོམས་འབོར་ལས་ཀྱང་ཆེས་ཆེར་བརྒལ་ཡོད་དེ། ཐེངས་འདིར་དཔེ་སྐྲུན་བྱས་པའི་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》རུ་བསྡོམས་པས་སྒྲུང་དཔེ་329དང་། ཡིག་འབྲུ་དུང་ཕྱུར་1.3ཡོད། གླིང་སྒྲུང་འདི་དག་ད་ཆ་པོད་300ཡི་བདག་ཉིད་ཅན་དུ་དཔེ་སྐྲུན་བགྱིས་ཏེ། ད་ལྟའི་བར་ཆེས་ཆ་ཚང་བའི་གླིང་སྒྲུང་གི་བོད་ཡིག་རིག་མཛོད་བསྐྲུན་ནས་གེ་སར་ལོ་རྒྱུས་སྙན་རྩོམ་གྱི་གཞི་རྒྱ་དང་ཁྱད་ཆོས་མཚོན་པར་བྱས་ཡོད།


གཅོད་པ་དོན་གྲུབ།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ།མཚོ་སྔོན་ཞིང་ཆེན་གེ་སར་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ།

    《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་》ཞེས་པ་འདི་ཉིད་དུ་ལོ་རྒྱུས་སུ་བྱུང་བའི་གླིང་སྒྲུང་སྐོར་གྱི་ལག་བྲིས་སྣ་རིང་དང་།  ཤིང་དཔར་སྣ་རིང་།  གནའ་བོའི་ལྕགས་པར་མ།  དེ་བཞིན་ཉེ་བའི་དུས་ཀྱི་བབས་སྒྲུང་གི་པར་གཞི་གསར་པ་སོགས་འདུས་པས།  འཛམ་གླིང་སྟེང་ཤིན་ཏུ་རྩ་ཆེ་བའི་པར་གཞི་མང་པོ་ལྷན་དུ་ཐེངས་དང་པོར་དཔེ་སྐྲུན་བྱས་པ་ཡིན། དཔེ་ཚོགས་འདིའི་ནང་དོན་ཕུན་སུམ་ཚོགས་པར་མ་ཟད་པར་འདེབས་དེབ་སྦྱོར་བཟོ་སྤུས་ཀྱང་ཤིན་ཏུ་ལེགས། དཔེ་སྐྲུན་བརྒྱུད་རིམ་ཁྲོད་རྩོམ་སྒྲིག་ལྷན་ཚོགས་ཀྱིས་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞིང་། གསུང་རབ་བསྟན་བཅོས་ལ་དད་གུས་ཀྱི་བློ་སེམས་བཅངས་ཏེ་ཕུལ་བྱུང་ལས་སྒྲུབ་དཔུང་ཁག་བཙུགས་ནས། དཀའ་བ་བརྒྱ་དང་འབད་པ་སྟོང་བརྒྱུད་ནས། རྩོམ་བྲིས་མ་ཡིག་རྩོམ་སྒྲིག་དང་ཞུ་དག་གི་སྤུས་ཀ་ཁག་ཐེག་བྱས་པ་དང་། དཔེ་ཚོགས་སྒྲིག་སྟངས་དང་། ཆེད་ལས་བརྡ་ཆད་སོགས་ཕྱོགས་གང་ཅིའི་ཐད་ནས་གཅིག་གྱུར་གྱི་ཚད་གཞི་གཏན་འབེབས་བྱས་ཏེ། རྩོམ་བྲིས་མ་ཡིག་གི་སྤུས་ཀ་དུས་ཚོད་ཀྱིས་ཞིབ་བཤེར་ཐེག་ཐུབ་པར་བྱས་པར་མ་ཟད། ཞུ་དག་དུས་མཚམས་སུ་ཆེད་དུ་གེ་སར་ཆེད་མཁས་པ་དང་སྒྲུང་པ་སོགས་མི་བརྒྱ་ལྷག་ཡུལ་དངོས་སུ་གདན་དྲངས་ནས་ཕན་ཚུན་མཐུན་སྦྱོར་བྱས་ཏེ། དཔེ་ཚོགས་དེ་རང་རྒྱལ་གྱི་བོད་རིག་པའི་མཁའ་ཁོངས་ནས་རིག་གནས་ལེགས་ཐོན་རྒྱུ་རྫས་རྩེ་གྲས་སུ་ཚུད་འདུག

《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་》ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་མཚན་བྱང་ཕྱག་བྲིས་མཛད་གནང་བ་དང་གཟན་དཀར་ཐུབ་བསྟན་ཉི་མས་གླེང་གཞི་བྲིས་མཛད་གནང་ཡོད། རྩོམ་སྒྲིག་ལྷན་ཚོགས་ཀྱིས་ཆེད་དུ་རྒྱལ་ནང་གི་གེ་སར་ཆེད་མཁས་པ་དག་གདན་དྲངས་ནས་རིགས་དབྱེ་དང་ཞིབ་བཤེར་གཏན་བེབས་བྱས་ཤིང་། སི་ཁྲོན་ཞིང་ཆེན་དངོས་མང་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་གེ་སར་གྱི་ཐང་ག་དང་།  བོད་ཀྱི་ལྷ་རིས་པ་གྲགས་ཅན་ལེགས་སྨོན་ལགས་ཆེད་དུ་མངགས་ནས་བར་བཅུག་ཐང་ག་བྲིས་ཡོད། དཔེ་ཚོགས་ལས་གླིང་སྒྲུང་ནི་གནའ་བོའི་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་ཤེས་བྱ་ཀུན་འདུས་ཀྱི་རླབས་ཆེན་བརྩམས་ཆོས་ཞིག་ཡིན་པའི་ཡང་སྙིང་མཚོན་ཡོད་པར་མ་ཟད། འཛམ་གླིང་ཐོག་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྱི་རླབས་ཆེན་རང་བཞིན་གྱི་ཁྱད་ཆོས་མངོན་པ་དང་། ཀྲུང་གོའི་གེ་སར་ཚབ་མཚོན་བྱས་པའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་གྱི་སྲུང་སྐྱོབ་ལས་དོན་དང་རིག་གནས་བྱ་གཞག་གི་རྡོ་རིང་གསར་པ་ཞིག་བཞེངས་པ་རེད།

    རིག་གནས་ཀྱི་འགྲུལ་བཞུད་ལ་རྫོགས་མཐའ་མེད་ཀྱང་། ལོ་རྒྱུས་ཀྱི་བྱུང་བ་རྒྱུན་འཛིན་བྱེད་པ་ལ་དྲན་པ་རྣམས་བརྗེད་ཐོར་འགོད་རྒྱུ་ནི་རྣམ་དཔྱོད་ལྡན་པའི་ལས་ཡིན། དེ་ཡང་སི་ཁྲོན་དཔེ་སྐྲུན་ཚོགས་པས་འཆར་འགོད་དང་། ཧི་མ་ལ་ཡ་རིག་མཛོད་ཁང་གིས་འཚོལ་བསྡུ་དང་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》དཔེ་སྐྲུན་བགྱིས་པ་འདིས་ལོ་རྒྱུས་ཀྱི་ལས་འགན་རླབས་པོ་ཆེ་དེ་ཕྲག་ཏུ་བླངས་པ་མཚོན་ཡོད་ལ། བགྲང་བྱ་བཅུའི་རིང་དཔེ་རྙིང་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པའི་གྲུབ་འབྲས་བཟང་པོ་མངོན་དུ་ཤར་བ་ཡང་ཡིན་ནོ། འཐུས་ཚང་ཤིང་གྲ་རྒྱས་པའི་གླིང་སྒྲུང་ཕྱོགས་བསྒྲིགས་ཆེན་མོ་འདི་ལས་ང་ཚོས་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ལོ་རྒྱུས་ཀྱི་རྗེས་ཤུལ་དང་། གེ་སར་རིག་གནས་དམངས་ཁྲོད་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་རྒྱུ་མཚན་རྟོགས་པ་དང་། དེ་ནི་ཀྲུང་གོ་གསར་པའི་གེ་སར་བྱ་གཞག་གིས་གྲུབ་འབྲས་གསར་པ་དང་གལ་འགངས་ཆེ་ཤོས་དེ་ཡིན་ཞིང་། རྒྱུད་གཅིག་ལམ་གཅིག་གྲོས་འདོན་གྱི་འདེགས་ཤུགས་གཙོ་བོ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཕུལ་བའི་ལེགས་སྐྱེས་གྱ་ནོམ་པ་ཞིག་གོ།


返回顶部